ཇོ་བོའི་དབུ་རྒྱན་དང་འབྲེལ་བའི་གསལ་བཤད། དགེ་བཤེས་འཇམ་དཔལ་བློ་ཤེས།


ཐོག་མར་བོད་མི་མགོ་ནག་ཡོངས་ལ། རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་གྱི་དུས་ཚེས་བཟང་པོ་འདི་ལ། ཁྱེད་རྣམས་ཀྱི་སྐུ་གཟུགས་བདེ་ཞིང་། རང་རང་གི་བསམ་དོན་ཡིད་བཞིན་དུ་འགྲུབ་པ་དང་། བྱ་གཞག་ཐམས་ཅད་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།


གླེང་སློང་བ
འདི་ན་ཁོ་བོས། དེང་སྐབས་ཇོ་བོ་རིན་པོ་ཆེའི་དབུ་རྒྱན་གྱི་སྐོར་ནས་མི་མང་པོ་ཞིག་དང་། ལྷག་པར་དྲ་བ་དང་གླེང་སྟེགས་འགའ་ཞིག་གིས་དོན་དངོས་མ་ཤེས་པ་ཡིན་ནམ། ཤེས་ནས་མ་ཤེས་མདོག་གིས་གཡོ་སྒྱུ་བྱས་པ་ཡིན་ནམ། གང་ལྟར་དམངས་ཚོགས་མགོ་བསྐོར་ཏེ་རྫུན་གཏམ་སྣ་ཚོགས་ཤིག་བསྒྲགས་བཞིན་པ་ལ། གསལ་བཤད་མདོར་བསྡུས་ཤིག་ཞུ་འདོད་སྐྱེས།
སྤྱིར་བཏང་ནས། རང་ཉིད་བོད་དུ་ཡོང་ནས་ལོ་ངོ་བདུན་ཙམ་སོང་བ་དེའི་རིང་ལ། སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པའི་ཆོས་དང་རིག་གཞུང་ཁོ་ན་སྙིང་ལ་བཅངས་ཏེ་ལས་དོན་མང་པོ་ཞིག་གི་སྣེ་ལ་ཞུགས་པར་བོད་མི་རིགས་སྤྱིའི་ངོས་ནས་ཁམས་འདན་ཁོག་གི་སྤྲང་ཕྲུག་ཅིག་གི་སར་མ་བཞག་པར་ཆོས་འཆད་ཉན་དང་ལས་ཀའི་ཕྱོགས་ཡོངས་ལ་ངོས་ལེན་དང་འབྲེལ་ཆེ་མཐོང་དང་རྒྱབ་སྐྱོར་བླ་མེད་གནང་བ་དང་། དེའི་དབང་གིས་རང་ངོས་ནས་ནང་བསྟན་སློབ་གླིང་གི་བདག་གཉེར། སློབ་མ་གསོ་སྐྱོང་། དམངས་ཚོགས་སློབ་གསོའི་མཚོན་པའི་བསྟན་པ་མི་རིགས་ཀྱི་དོན་ལ་དགའ་འོས་པའི་ལས་དོན་མང་པོ་ཞིག་འགྲུབ་སོང་བར་སྐྱེ་བ་ཕྱི་མར་འགྲོ་བའི་ལམ་རྒྱགས་ཀྱང་དེ་རང་ཡིན་ལ། ཁྱེད་རྣམ་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ། མ་ཚད་རྒྱུན་དུ་སྐྱོན་བཙལ་མཁན་དང་། སྐྱོན་བརྗོད་བྱེད་མཁན། ནག་མེད་ཉེས་འགེལ་བྱེད་མཁན། རྒྱབ་ནས་གཡོ་སྒྱུའི་ལས་ཀ་སྣ་ཚོགས་ཀྱི་གོ་སྐབས་འཚོལ་མཁན་རྣམས་ལ་ཡང་དགའ་བསུ་ཡོད། ཁྱེད་རྣམ་པས་སྐྱོན་བརྗོད་དང་ངན་སྨོད་བྱེད་སྐབས་སུ། གཅིག་ན་བཟོད་པ་སྒོམ་པའི་ཡུལ་དངོས་ཡིན་པ་དང་། གཉིས་སུ་སྙིང་རྗེའི་བསམ་པ་སྒོམ་པའི་གཞི་ངོ་མ་ཡིན་པ་དང་། སྐབས་འགར་རང་གི་རྣམ་དཔྱོད་ཀྱིས་མ་འདང་བ་རྣམས་ལ་བློ་སྐྱེད་གསར་བ་ཡང་རག་བཞིན་ཡོད་པས། ལས་ཀའི་དོན་དག་མང་པོ་ལ་ཕན་ཐོགས་ཡོད་པ་མ་ཟད། དོགས་པ་བྱས་ན་དགྲ་མེད་ཟེར་བའི་དཔེ་ལྟར་ལས་ཀའི་ནང་དོན་མང་པོ་ཞིག་ལ་རྒྱུན་དུ་དོ་སྣང་དང་བསམ་གཞིག་ལེགས་པོ་བྱས་ཏེ་སྤུས་ཀ་ཇེ་ལེགས་སུ་འགྲོ་བར་ཕན་ཐོགས་འདུག དེང་དུས་འདིར་སུ་ཞིག་ལ་མང་པོས་སྐྱོན་བརྗོད་བྱེད་ཀྱིན་ཡོད་ན། དེས་སྤྱི་ཚོགས་དང་འབྲེལ་བའི་ལས་དོན་མང་པོ་བྱེད་བཞིན་པ་མཚོན་པ་ཡིན་པས་དེ་བས་ཀྱང་བློ་སྟོབས་དང་སེམས་ཤུགས་འཕར་མ་ཞིག་གནང་བཞིན་འདུག་པས་ཁྱེད་རྣམ་པ་ལ་ཡང་ཐུགས་རྗེ་ཆེ་ཞུ། ད་དུང་ཉིན་མཚན་ཀུན་ཏུ་དྲ་ལམ་དུ་ཞུགས་ནས་སྤྱི་ཚོགས་ཀྱི་ནང་དུ་དཀྲོག་གཏམ་ཁོ་ན་བཟོ་འདུག་མཁན་འདི་དག་ལས། མང་པོ་ཞིག་ལ་ནང་ཁུལ་མི་མཐུན་པར་བཟོ་རྒྱུའི་ལས་དོན་གྱི་འགན་ཁུར་ཡོད་པས་ཁོ་རང་གིས་དེ་ལྟར་བྱེད་པ་ནི་ཁོ་རང་ཉིད་ཀྱི་འཚོ་རྟེན་ཡིན་པས་ཐུགས་ཁག་མེད་ལ། ཁོ་རང་ལ་དེའི་རྒྱབ་ལྗོངས་ཀྱི་ལས་དོན་དང་དེ་འབྲེལ་གྱི་དྲ་ལམ་དེ་འབྲེལ་གྱི་ཕོག་ཐོབ་ཚང་མ་ཡོད་པས་དཀྲོག་གཏམ་བཟོ་རྒྱུའི་ཆེད་དུ་འགྲོ་སོང་ཡང་མང་པོ་གཏོང་ཐུབ་པ་རེད། དེ་ཚོའི་གང་བཤད་ལ་མི་ལྟ་བར་དེ་དག་གི་བྱ་སྤྱོད་ལ་ཞིབ་ལྟ་ངང་གཟབ་དགོས་པ་ཤིན་ཏུ་གལ་ཆེའོ། 
སྟོན་པ་མཆོག་གི་སྤྲུལ་སྐུ་ཕེབས་ནས་ད་བར་འཕགས་བོད་ཀྱི་སྐྱེས་ཆེན་སའི་རྡུལ་ལ་འགྲན་པ་ལྟ་བུ་དག་དང་། ཆོས་ལུགས་པ་རིག་གནས་པ་ཚན་རིག་པ་སོགས་འཛམ་གླིང་ལ་མིང་གྲགས་ཡོད་པ་སུ་ལ་ཡང་འཇིག་རྟེན་ཡོངས་ཀྱིས་ངོས་ལེན་ཐོབ་མཁན་དང་། སྤྱི་ཚོགས་ཡོངས་ཀྱིས་ཁས་ལེན་ཐུབ་པའི་མི་ཞིག་གཏན་ནས་བྱུང་མེད་པས་ཁོ་བོ་ལྟ་བུ་ནི་དེ་ལས་མ་འདས་པར་སྨོས་ཅི་དགོས། 
དམིགས་ཡུལ།
ད་རེས་ཇོ་བོ་རིན་པོ་ཆེའི་དབུ་རྒྱན་གྱི་སྐོར་ནས་གསལ་བཤད་མདོར་བསྡུས་ཤིག་མ་བྱས་ན། ཡུལ་དངོས་མཐོང་མི་ཐུབ་པའི་དམངས་ཚོགས་མང་པོ་ཞིག་མགོ་འཁོར་ནས་དབུ་རྒྱན་རྙིང་པ་དེ་དངོས་གནས་བརྐུས་པ་ཡིན་ནམ། སྦྱིན་བདག་ཅིག་གིས་གསར་བ་ཞིག་བཟོས་ནས་རིག་དངོས་རྩ་ཆེན་དེ་མེད་བརླག་གཏོང་བ་ཡིན་ནམ་སྙམ་པའི་དོགས་པ་མང་པོ་ཞིག་བྱེད་བཞིན་དུ་སེམས་འཕྲལ་ཡང་ཡོད་པ་མང་པོ་འདུག་ཅེས་ཟེར། དེ་དྲ་བ་དང་གླེང་སྟེགས་སྣ་ཚོགས་ཀྱིས་མི་བདེན་རྫུན་བསྒྲགས་བྱས་པའི་གྲུབ་འབྲས་རེད། འདིས་ཆོས་འཇིག་རྟེན་གང་ལ་ཕན་ཐོགས་སྤུ་ཙམ་མེད་ཀྱང་དམངས་ཚོགས་ནུས་མེད་འགའ་ཞིག་མགོ་རྨོངས་པར་བྱེད་ཐུབ་ཡོད་པ་རེད།
དེ་ལ་ཆོས་གྲོགས་མང་པོ་ཞིག་གིས་དོན་དངོས་གང་ཡིན་གྱི་གསལ་བཤད་དགོས་གལ་ཆེ་སྐོར་ཡང་ཡང་བྱུང་དོན་ལྟར་གསལ་བཤད་ཞུས་པ་ལས། ལོག་སྒྲུབ་མཁན་ནི་ལོག་སྒྲུབ་མཁན་རང་ཡིན་པས་ནམ་ཡང་ར་སྤྲོད་བྱེད་རྒྱུའི་བསམ་བློ་མེད་ལ། ཕྱིས་སུ་ཡང་རང་གི་ལས་དོན་གང་ཡིན་མ་ཤེས་ན་མ་གཏོགས་ལྷག་བསམ་རྣམ་དག་གིས་མི་ཚེའི་མཇུག་མ་གྲུབ་ཀྱི་བར་བྱ་རྒྱུ་ལས། གཞན་སུ་ཞིག་གིས་སྐྱོན་བརྗོད་བྱས་མ་བྱས་ལ་ཁྱད་པར་སྤུ་ཙམ་ཡང་མེད། དཔལ་ཆོས་ཀྱི་གྲགས་པས། ལོག་པའི་ལན་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པ་ལྟར། སྐྱོན་བརྗོད་དག་ལ་ལན་བྱས་ཏེ་དགོས་པ་མེད་པ་མ་ཟད་ལན་བྱས་ནས་ཚར་རྒྱུ་མེད་པར་ཤེས་གསལ་ཡིན་པས། སྐྱོན་བརྗོད་གང་འདྲ་ཞིག་བྱས་ཀྱང་དེ་ལ་ལན་རྒྱབ་པ་སྔར་ཡང་མེད་ལ་ཕྱིས་སུ་ཡང་ལན་མི་བྱེད་ཅེས་གསལ་བཤད་བྱེད་འདོད་བྱུང་། སྤྱིར་འགྲོ་བ་མིའི་རིགས་འདི་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་ནི་གནས་ལུགས་ངོ་མ་ལ་མི་ལྟ་བར་ཕྱོགས་ལྷུང་གི་བསམ་པས་གཞན་གྱི་གཡམ་ལ་རྒྱུགས་རྒྱུ་དང་། རི་བོང་ཅལ་འདྲོགས་བྱེད་རྒྱུར་ཧ་ཅང་དགའ་བ་དང་། ལྷག་པར་རིག་གནས་ཀྱི་ཆུ་ཚད་མེད་པའི་མི་དག་ནི་དེ་བས་ཀྱང་རི་བོང་ཅལ་འདྲོགས་ལ་ཤོར་བ་རེད། 
མདོར་བསྡུས་ནས་དྲན་བསྐུལ་ཞུ་རྒྱུ་ཞིག་ལ། དྲ་ཐོག་ལ་ཡོད་པ་དང་དེབ་ཐོག་ལ་བྲིས་པ། སུ་ཞིག་གིས་བཤད་པ་གཙོ་བོ་མ་ཡིན་པར་དོན་དངོས་ཀྱི་གནས་ལུགས་གང་ཡིན་ལྟ་རྒྱུ་ནི་རྣམ་དཔྱོད་ཅན་ཞིག་ལ་མཚོན་ན་གནད་དོན་ཆེ་ཤོས་ཤིག་རེད།



ཇོ་བོ་རིན་པོ་ཆེའི་དབུ་རྒྱན་ཕུལ་ལུགས་ལ་གསལ་བཤད།
༡༽ སྟོན་པའི་སྐུ་བརྙན་ཇོ་བོ་རིན་པོ་ཆེ་ནི་སྤྱིར་ན་ཐོག་མར་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་ཞིག་ཡིན་མོད། འོན་ཀྱང་རྗེ་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པས་རབ་བྱུང་བདུན་པའི་ས་གླང་། ཕྱི་ལོ་ ༡༤༠༩ ལོར་ལྷ་ལྡན་སྨོན་ལམ་ཆེན་པོ་གསར་འཛུགས་དང་འབྲེལ་ཐེངས་དང་པོར་རིན་ཆེན་ས་ལེ་སྦྲམ་གྱི་རིགས་ལྔའི་དབུ་རྒྱན་ཕུལ་བ་དང་། སྐབས་དེ་ནས་ཇོ་བོ་རིན་པོ་ཆེ་ཞེས་པའི་མཚན་ཡང་བྱུང་ཞེས་གྲགས། དེ་ཡང་ཇོ་བོ་རིན་པོ་ཆེ་མཆོག་གི་སྤྲུལ་སྐུའི་རྣམ་ཅན་དེ་ལོངས་སྐུའི་ཆ་བྱད་ཅན་དུ་བསྒྱུར་ནས་དུས་ངེས་པར་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་བཞུགས་པའི་རྟེན་འབྲེལ་བསྒྲིགས་པ་ཡིན། དེའི་རྟིང་མར་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་། རིག་གསར་སྔོན་ཙམ་ལ་སྟག་བྲག་རིན་པོ་ཆེ་ངག་དབང་གསུང་རབ་སོགས་ཀྱིས་དབུ་རྒྱན་གསར་བཟོ་བྱས་ཏེ་ཕུལ་བ་སོགས་དབུ་རྒྱན་མི་འདྲ་བ་ཁག་མང་པོ་ཡོད་རབས་བཤད་རྒྱུ་འདུག་པ་ཕལ་ཆེར་རིག་གསར་སྐབས་བོར་བརླག་སོང་འདུག །ལོ་རབས་དགུ་བཅུ་པའི་རྗེས་ནས་མི་ཉག་མཁན་པོ་རྡོ་རྗེ་བཀྲ་ཤིས་མཆོག་དང་། རྫ་ཆུ་ཁའི་ཀི་ལུང་སྤྲུལ་སྐུ་ཚེ་རིང་རྡོ་རྗེ་རྣམ་པ་གཉིས་ཀྱིས་སྔ་ཕྱིར་དབུ་རྒྱན་གསར་བ་གཉིས་ཕུལ་བ་བཅས་ད་ལྟར་ཡང་དབུ་རྒྱན་བཞི་ལྔ་ཅིག་དང་། ཐུགས་རྒྱན་གསར་རྙིང་གཉིས་བཅས་ཡོད་པ་རེད། དེ་དག་ལས་ནམ་རྒྱུན་སྒྲོན་པ་དེ་སྟག་བྲག་རིན་པོ་ཆེ་ངག་དབང་གསུང་རབ་ཀྱིས་ཕུལ་བ་དེ་རེད་འདུག



༢༽  ཉེ་ལམ་གསར་དུ་ཕུལ་བའི་དབུ་རྒྱན་འདི་ནི། གཙུག་ལག་ཁང་གི་གཉེར་བ་བློ་བཟང་བསྟན་འཛིན་གྱིས་འགན་ཁུར་ནས་ལོ་མང་རིང་དཀའ་ལས་རྒྱབ་སྟེ། ཆེས་ཐོག་མར་རྗེ་ཙོང་ཁ་པས་ཕུལ་གནང་བའི་དབུ་རྒྱན་རིག་གསར་སྐབས་བོར་བརླག་སོང་བར་གཏོར་སྐྱོན་ཅུང་ཟད་ཐེབས་པ་དེ་རྙེད་སོན་བྱུང་ནས་དེའི་ཆ་ཤས་དེ་ཚོ་གཞིར་བྱས། དེ་ལ་ཁ་སྣོན་དང་ཞིག་གསོས་སྤུས་ལེགས་ཞུས་ཏེ། གཙུག་ལག་ཁང་རང་གི་གཉེར་པ་སོགས་ཀྱིས་ཞིག་གསོ་བཟོས་པ་ཞིག་ཡིན་ཞེས་དང་། སྦྱིན་བདག་སོགས་གཞན་སུ་ཡང་མེད་ཅེས་གཙུག་ལག་ཁང་གི་གཉེར་པ་རང་ནས་གསུངས་སོང་། དེ་མིན་ང་ཚོས་དེ་ཚོའི་སྐོར་གང་ཡང་ཤེས་ཀྱི་མེད་ལ་དོ་སྣང་ཡང་དེ་ཙམ་བྱེད་ཀྱིན་མེད། ལྷག་པར་དུ་ཞིག་གསོས་བྱས་པའི་དབུ་རྒྱན་དེ་ཡར་སྒྲོན་ཚར་བ་དང་འགའ་ཞིག་གིས་དབུ་རྒྱན་རྙིང་པའི་སྟེང་གི་གཟི་བྱུར་དེ་ཚོ་མི་འདུག གཟི་བྱུར་དེ་ཚོ་བརྐུས་ཚར་རེད་ཅེས་སོགས་དམངས་ཚོགས་ཀྱི་ནང་དུ་དཀྲུག་ཤིང་ཆེན་པོ་འཕེན་བཞིན་འདུག དབུ་རྒྱན་འདི་ནི་རྗེ་བླ་མ་རང་གིས་ཕུལ་བའི་དབུ་རྒྱན་ཇི་མ་ཇི་བཞིན་ཞིག་གསོས་བྱས་ཡོད་ཅེས་གཉེར་པས་གསུངས་པ་ལྟར་བཟོས་ཡོད་འདུག་པས་དེ་ལ་ཕྲ་རྒྱན་གཡུ་མ་གཏོགས་གཟི་བྱུར་གཞན་ཉུང་ཉུང་ལས་མེད་པ་རེད། མ་ཟད་དབུ་རྒྱན་གསར་བ་ཡིན་ན་རྙིང་པའི་གཟི་བྱུར་དེ་ལ་རྒྱན་དགོས་དོན་གང་ཡང་མེད་པས་རི་བོང་གནམ་རྡིབ་ཀྱི་བསམ་བློས་ལྐུགས་རྟགས་དེ་འདྲ་མ་བསྟན་ན་ཅིས་ཀྱང་བཟང་ངོ་། 
༣༽  དབུ་རྒྱན་དེ་གསོལ་བའི་སྐབས་སུ། ཁམས་ཕྱོགས་ནས་བོད་ཀྱི་བླ་ཆེན་སྤུག་བླ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དང་སེར་ཤུལ་ཁྲི་བ་ཐུབ་བསྟན་སྙན་གྲགས་ཚང་། དབུས་ནས་གཞུང་བརྒྱ་སྨྲ་བའི་སློབ་གསོ་བ་ཆེན་པོ་དགའ་ལྡན་དགེན་སྙན་གྲགས། དེ་བཞིན་དུ་གཞུང་ལུགས་སྨྲ་བའི་དབང་པོ་འབྲས་སྤུངས་དགེན་འཇམ་དཔལ་ལྷག་བསམ་དང་སེ་རའི་དགེན་བཀྲ་ཤིས་རྒྱལ་མཚན་རྣམ་པ་གཉིས་པ་དང་། གཙུག་ལག་ཁང་གི་མཁན་རིན་པོ་ཆེ་ཕུན་ཚོགས་རྒྱལ་མཚན་སོགས་དང་། ཁོང་རྣམ་པ་དང་མཉམ་དུ་གུས་པ་ཡང་མཉམ་ཞུགས་བྱས། ད་དུང་གཙུག་ལག་ཁང་གི་ལས་བྱེད་པ་དང་དགེ་འདུན་པ་རྣམ་པ་གཞིར་བྱས། དེའི་སྟེང་དུ་འབྲས་སྤུངས་ནས་ཕེབས་པའི་དགེ་འདུན་པ་བཞི་བཅུ་ལྔ་བཅུ་ཞིག་མཉམ་འཛོམས་ཀྱིས་སྔོན་ཆད་ཕྱི་ལོ་ ༡༤༠༩ ལོར་རྗེ་ཙོང་ཁ་པ་ཆེན་པོས་དབུ་རྒྱན་དེ་གསར་དུ་ཕུལ་བའི་སྐབས་སུ་སྨོན་ལམ་སྐམ་ཚོགས་ཀྱི་སྐབས་སུ་ཕུལ་བའི་ལོ་རྒྱུས་ཡོད་པ་ལྟར་ད་ལན་ཡང་སྨོན་ལམ་སྐམ་ཚོགས་ཀྱི་ཞལ་འདོན་ཚང་བ་ཞིག་གསུངས་ཏེ་ཕུལ་བ་རེད་ལ། སྐབས་དེར་ལྷ་ས་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་མགོ་གཙོ་འགའ་ཞིག་དང་། གཙུག་ལག་ཁང་གི་རྒྱུན་ལྡན་གྱི་སྐོར་བྱ་བ་རྣམས་ཀྱང་ཡོད་པ་རེད། དེ་ལ་གསལ་བོ་ཞུ་དགོས་པ་ཞིག་ལ། སེར་ཤུལ་ཁྲི་པ་རིན་པོ་ཆེ་དང་ངེད་གཉིས་ནི་གཙུག་ལག་ཁང་གིས་མགྲོན་འབོད་བྱུང་དོན་ལྟར་མཛད་སྒོ་ལ་ཞུགས་པ་ཙམ་ལས། དབུ་རྒྱན་གྱི་སྦྱིན་བདག་བྱེད་རྒྱུ་ཕར་ཞོགས་དེ་ལ་ཞལ་འདེབས་རེ་ཡང་འབུལ་རྒྱུ་མ་བྱུང་ཞེས་གསལ་བཤད་ཞུ་འདོད་བྱུང་། 
༤༽ གོང་དུ་ཞུས་པ་བཞིན། གཙུག་ལག་ཁང་རང་གི་ལས་བྱེད་པའི་ངོས་ནས་ཞིག་གསོ་བྱས་པ་དང་། ལས་བྱེད་པ་དང་མཁན་བླ་དགེ་བཤེས་དེ་འདྲ་མང་པོ་ཞིག་གིས་མཉམ་དུ་དབུ་རྒྱན་ཕུལ་བ་ཡིན་པས། དེ་ལ་འགའ་ཞིག་གིས་སྦྱིན་བདག་སེར་ཤུལ་ཁྲི་པས་བྱས་པ་དང་། གསར་པ་བརྗེས་ནས་རྙིང་པ་ཁྱེར་སོང་བ་ཡིན་པར་བསྒྲགས་པ་ནི། དངོས་ཡོད་གནས་ཚུལ་ཞིག་གཏན་ནས་མིན། སེར་ཤུལ་ཁྲི་པ་ལ་རྙིང་པ་ཁྱེར་ཆོག་པའི་ཐོབ་དང་ནུས་པ་ཡོད་ན་སྔོན་མ་སྒྲོན་བཞག་པ་དེ་དང་མི་འདྲ་བའི་གསར་བ་ཞིག་བཟོས་ཏེ། མཛད་སྒོ་འཚོགས་ནས་གསར་བརྗེ་བྱེད་དགོས་དོན་གཏན་ནས་མེད་པ་རེད། འདྲ་བོ་འདྲ་རྐྱང་ཞིག་བཟོས་ནས་རྙིང་པ་ལྐོག་ནས་ཁྱེར་ཆོག་པ་ཞིག་རེད་དེ། དབུ་རྒྱན་ཞིག་ཕར་ཞོགས་མཆོད་ཀོང་ཞིག་བརྗེ་ལེན་བྱས་ནས་ཁྱེར་འགྲོ་ས་ཞིག་གཏན་ནས་མེད་པ་རེད། འདི་མ་ཤེས་པ་ཡིན་ན་དྲང་བདེན་གྱི་གསལ་བཤད་ཡིན། དེ་འདྲ་བཤད་དགོས་པའི་དམིགས་ཡུལ་གཞན་པ་ཡོད་ན་ཞུ་རྒྱུ་ཅི་ཡང་མེད། འོན་ཀྱང་སེར་ཤུལ་ཁྲི་པས་བོད་ས་སྟོད་སྨད་བར་གསུམ་ཆོས་བརྒྱུད་རིས་སུ་མ་མཆིས་པའི་སློབ་གཉེར་བ་སྟོང་ཕྲག་མང་པོའི་དོན་དུ་ཉིན་མཚན་ལྟོས་མེད་དུ་སྐུ་ངལ་གནང་བཞིན་སྤྱི་ཚོགས་ཀྱི་ལས་དོན་ལ་གཞོལ་བཞིན་འདུག་པ་ཚང་མས་ཤེས་གསལ་ལྟར་ལགས་པས་སེར་ཤུལ་ཁྲི་པ་ལ་ནག་མེད་ཉེས་འཛུགས་དགོས་དོན་དེ་འདྲ་ཞིག་མེད་པའི་ཟོལ་འདྲ་རེད། འདི་འདྲའི་སྐབས་སུ། རང་རང་གིས་རྣམ་དཔྱོད་བེད་སྤྱད་དེ་བརྟག་དཔྱད་བྱེད་ན་གཙུག་ལག་ཁང་གི་མི་རྣམས་དང་། ལས་ཀའི་འགན་ཁུར་བ་ཚོ་དང་འབྲེལ་བ་བྱས་ནས་དོན་དངོས་ལ་བལྟ་རྒྱུ་ལས་སླ་བོ་ཡིན་པས་དེ་ལྟར་བརྟག་དཔྱད་བྱས། ལེགས་ཉེས་དབྱེ་འབྱེད་བྱེད་དགོས་པ་ལས་དེང་གི་གླེང་སྟེགས་འགའ་ཞིག་ལ་ཡིད་ཆེས་བྱ་རིན་གང་ཡང་མེད་པ་རེད། དེང་སྐབས་སུ། བསྟོད་ན་ཨ་སྔོན་གནམ་གྱི་དཀྱིལ་ལ་བཞག །སྨད་ན་དོག་མོ་ས་ཡི་གཏིང་ན་སྦས། །དེ་མ་གཏོགས་མཐོ་དམན་རིམ་པ་རང་ཚད་ནས་འཇོག་མི་ཤེས་པ་འདི། སྤྱིར་ན་བློ་རྒྱ་ཆུང་། གཉིས་ནས་ཤེས་ཡོན་མེད། གསུམ་ནས་རང་སྣང་མཐོ་བའི་སྐབས་སུ་འདི་འདྲ་ཡོང་བ་ཆོས་ཉིད་ཡིན་པས་དེ་ལ་སེམས་འཚབ་ཆེན་པོ་བྱ་དགོས་དོན་གང་ཡང་མེད་མོད། དམངས་ཚོགས་དཀྱུས་མ་རྣམས་ལ་གསལ་བཤད་ཀྱིས་སེམས་གསོ་ཙམ་ཞིག་ཡིན།
༥༽  མ་ཟད་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་དང་བདག་གཉེར་གྱི་འོག་ལ་ཡོད་པ་དང་། ལས་བྱེད་པ་དང་བླ་སྤྲུལ་དགེ་བཤེས་དེ་ཚོའི་དཀྱིལ་ནས་དབུ་རྒྱན་རྙིང་པ་སུ་ཞིག་གིས་ཁྱེར་ནུས། ཡིན་ནའང་རྣམ་དཔྱོད་མེད་པའི་རིགས་འགའ་ཞིག་གིས། དབུ་རྒྱན་སྒྲོན་ཚར་རྗེས་ཀྱི་ཇོ་བོའི་པར་རེ་མཇལ་བ་དང་། ཇོ་བོར་མཇལ་ཁ་རེ་ཞུས་དུས། ད་རྙིང་པ་མི་འདུག་ཨ། ཟེར་དུས་རང་གིས་གཅིག་བལྟས་ནས་མི་འདུག་ཁྱེར་ཚར་བ་འདྲ་ཟེར་མཁན་ཡང་འདུག་ཟེར། དེ་ནི་ཤིན་ཏུ་ལྐུགས་རྟགས་བསྟན་པ་ཞིག་ལས་རྙིང་པ་ཡོད་ཚད་ཇོ་བོའི་མདུན་དུ་འཇོག་གི་མ་རེད་ལ། ཇོ་བོའི་དབུ་རྒྱན་ལྔ་དྲུག་ཅིག་ཡོད་པས་ཡོད་ཚད་མཆོད་མཇལ་བས་མཐོང་སར་འཇོག་ག་ལ་དགོས། བོད་རིགས་ཚོ་བོད་རིགས་ཚོ། དེ་འདྲའི་གནས་ལུགས་ཤིག་ཤེས་དགོས་ཚོད་འདུག་པས་ཚང་མ་སེམས་ལྷོད་ལ་བབས་ནས་དོན་དངོས་གང་ཡིན་དཔྱད་པར་ཞུ།
༦༽  ཞོར་འཕྲོས་ཤིག་ལ། ཁ་སང་འགའ་ཞིག་གིས། ཇོ་ཁང་ལ་མེ་སྐྱོན་བྱུང་སོང་ཟེར་དུས། འོ་ཡ། ད་ཡག་སོང་། བླ་མ་དགེ་བཤེས་འགའ་ཞིག་གིས་དབུ་རྒྱན་གསར་པ་བརྗེས་པ་རེད། ད་སྲུང་མ་འཁྲུགས་སོང་བ་རེད་ཟེར་ནས་དགའ་བའི་རྣམ་འགྱུར་བསྟན་འདུག་མཁན་དེ་འདྲ་ཡང་ཡོད་ཚོད་འདུག་ལ། དྲ་ལམ་དུ་ཆེད་མངགས་སྐད་ཆ་དེ་འདྲ་སྤེལ་མཁན་ཡང་ཡོད་ཚོད་འདུག གོང་གསལ་ལྟར་ཇོ་བོ་རིན་པོ་ཆེ་ལ་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་དབུ་རྒྱན་གསོལ་བ་ནང་བཟུང་སྟེ་དབུ་རྒྱན་གསར་བ་བཅུ་གྲངས་ཤིག་བརྗེས་ཡོད་པ་རེད། ལྷ་དེ་དག་མ་འཁྲུགས་པར་ད་ལན་འཁྲུགས་སོང་བ་ཁྱད་མཚར་རེད། འདི་ནི་ལྷ་འཁྲུགས་པ་མ་ཡིན་པར་མི་སེམས་ཆགས་སྡང་གིས་འཁྲུགས་ཀྱི་ཡོད་པ་གསལ་བོ་རེད། བོད་པ་ཚོ་བསམ་བློ་ཡག་པོ་ཞིག་ཐོངས། སྲུང་མ་དེ་དག་འཁྲུགས་སོང་ཟེར་བའི་དོན་ཅི་ཞིག་ཡིན། སྲུང་མ་མ་དགའ་བ་རེད་ཟེར་ན། འོ་ན་དབུ་རྒྱན་གསར་བ་བརྗེས་པ་ལ་སྲུང་མ་དག་མི་དགའ་ན། འོ་ན་ན་བཟའ་དང་ཞལ་གསེར་གསར་བ་བརྗེས་པ་ལ་མ་དགའ་བ་ཡོད་མེད་དང་། བོད་ས་གནས་གང་སར་གཙུག་ལག་ཁང་གསར་བ་བརྗེ་བཞིན་པ་དག་ལ་ལྷ་སྲུང་དེ་དག་མ་དགའ་བ་ཡོད་དམ་མེད། གལ་སྲིད་ད་རེས་དབུ་རྒྱན་བརྗེས་པ་ལ་ལྷ་མ་དགའ་བ་ཡིན་ན། དབུ་རྒྱན་བརྗེ་མཁན་དག་ཚར་གཅོད་དགོས་པ་མ་གཏོགས། ཇོ་ཁང་ལ་མེ་རྒྱག་དགོས་དོན་གཏན་ནས་མི་འདུག་པས་རང་གི་དེ་ཁོ་ན་ཉིད་མ་བསྟན་ན་ལེགས། དཔེར་ན། ཁྱིམ་བདག་ཅིག་མི་གཞན་ལ་མ་དགའ་བར། ཕྱིར་ཁྱིམ་དུ་ཡོང་ནས་རང་གི་ཁང་པ་མེ་ལ་བསྲེགས་པ་དང་གཅིག་མཚུངས་རེད། དེ་འདྲའི་བསམ་པ་གནག་པའི་ཆོས་སྲུང་ཞིག་ཨེ་ཡོད་དམ། རིག་གསར་སྐབས་སུ་ཇོ་ཁང་ཕག་ཚང་ལ་བཟོས་པའི་སྐབས་སུ་སྲུང་མ་དེ་དག་མ་དགའ་བ་བྱུང་རབས་དང་། དེ་དག་གིས་སུ་ཞིག་ལ་མེ་རྒྱབ་རབས་དང་ནད་ཡམས་བཏང་རབས་འདྲ་ཡོད་མེད་ལེགས་པར་སོམས་ཤིག ཁུངས་མེད་ཀྱི་སྐད་ཆ་འདི་ལྟར་བཤད་དེ་མི་ཚེ་སྟོང་ཟད་དང་དོན་མེད་ཀྱི་དཀྲོག་གཏམ། དམངས་ཚོགས་མགོ་རྨོངས་པ་བྱས་ཏེ། དེའི་བར་ནས་དམངས་ཚོགས་ཀྱི་སེམས་ཁམས་དཀྲུགས། སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུགས། དམངས་ཚོགས་ཀྱི་ནང་དུ་དོན་མེད་རྙོག་གླེང་བཟོས་པ་དེ་དག་ནི། སྡིག་ལས་སྣ་ཚོགས་ཤིག་ལ་བསམ་བཞིན་འཇུག་པ་འདྲ་བོ་འདུག་པས། རང་གིས་སྐད་ཆ་ཅི་ཞིག་བཤད་ཀྱིན་ཡོད་པ་དང་། ལས་ཀ་ཅི་ཞིག་བྱེད་བཞིན་ཡོད་པ། དེ་དག་གི་མཇུག་འབྲས་ཅི་ཞིག་ཡོང་གི་ཡོད་པ་དང་། སྤྱིར་མཇུག་འབྲས་ཤིག་ཡོད་མེད་བཅས་ལ་བསམ་བློ་ཡག་པོ་རེ་བཏང་ནས་མི་ཚེ་དྲང་བདེན་གྱི་ལམ་ཁ་ཞིག་ལ་ཞུགས་ཐུབ་ན་གཞི་ནས་ཆོས་ཉམས་ལེན་ཡོང་མདོག་ཁ་པོ་རེད་ལ། མི་གཞི་ཡག་པོ་ཅན་ཞིག་ཆགས་ངེས་ཡིན་པས་དེ་ལུགས་ཀྱིས་དང་པོར་རང་ཉིད་ལ་ཞུ་དག་ལེགས་པོ་གཏོང་རྒྱུ་གལ་ཆེན་པོ་འདུག་ཅེས་དྲན་སྐུལ་དུ་ཞུས་པའོ། 
ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ༡༨ ཉིན།




No comments:

Powered by Blogger.